Full Biography (Tibetan)

༄༅། །མཚུངས་མེད་དགེ་བའི་བཤེས་གཉེན་ཆེན་པོ་ཀརྨ་ལྷ་བུའི་རྣམ་ཐར་བསྡུས་པ་དད་གསུམ་ཉི་མ་འདྲེན་པའི་སྐྱ་རེངས་དང་པོའི་སྣང་བ་ཞེས་བྱ་བ་བཞུགས་སོ།།
རྨད་བྱུང་ཚོགས་གཉིས་ཆུ་གཏེར་འཇིངས་ལས་དོན་གཉིས་ལྷུན་གྱིས་གྲུབ་པའི་སྐུ། །

དྲི་མེད་ཡེ་ཤེས་མཁྱེན་གཉིས་ཉི་ཟླའི་གཟི་འོད་རབ་ཏུ་འབར་བ་ཡིས། །
སྐལ་བཟང་གདུལ་བྱའི་རྨོངས་མུན་བཅོམ་མཛད་ཐུབ་དབང་ཉི་མའི་གཉེན་མཆོག་གིས། །
དེང་འདིར་དགེ་མཚན་བཀྲ་ཤིས་དཔལ་གྱི་སྣང་བ་དཀར་པོ་རྟག་འགྱེད་མཛོད། །
རིགས་གསུམ་སེམས་དཔའི་མཛད་རྣམ་སུ་ཡིས་དཔག །
དེ་ལས་འདིར་ཡང་རྒྱལ་སྲས་དཔའ་བོའི་གར།
།ལུང་རྟོགས་ཆོས་ཚུལ་རྒྱ་མཚོའི་མཛོད་འཛིན་པ། །
ཐུགས་རྗེ་ཡེ་སྤྲུལ་ཀརྨ་ལྷ་བུ་ཡི། །
ཐུན་མིན་ངོ་མཚར་རྟོགས་བརྗོད་འདི་ན་སྤྲོ། །

ཞེས་ཚིགས་སུ་བཅད་པ་ཨུཏྤལ་གསར་པའི་མེ་ཏོག་གིས་མདུན་ལེགས་པར་བསུས་ཏེ།  དོན་གྱི་སྙིང་པོ་གླེང་བྱ་ནི།  རིས་མེད་འགྲོ་བ་ཀུན་ལ་མ་གཅིག་པུའི་བུ་ལྟར་བརྩེ་ཞིང༌།  བྱམས་ཆེན་རྗེས་བརྩེའི་བཀའ་དྲིན་ཕྱོགས་མེད་དུ་བསྩལ་བའི་བྱང་སེམས་དམ་པ།  བསླབ་གསུམ་ཆོས་འདུལ་གསེར་གྱི་རྒྱལ་མཚན་གྱི་ཡུ་བ་གྱེན་དུ་འདེགས་པའི་སྡོམ་བརྩོན་ཆེན་པོ།  སྒྲུབ་བརྒྱུད་བསྟན་པའི་བདག་པོ་བརྗོད་བྱའི་དོན་སྟོན་པའི་སླད་དུ་མཚན་ནས་སྨྲོས་ན།  ཐུབ་བསྟན་ཀརྨ་གཞན་ཕན་ནམ་ཀརྨ་ལྷ་བུ་ཞེས་པ་འདི་ཉིད་ལྗོངས་འདིར་སྐུ་འཁྲུངས་པའི་ཚུལ་དང༌།  དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ནས་ཐོས་བསམ་སློབ་གཉེར་མཛད་དེ་ཐུགས་རྒྱུད་ལ་ཡོན་ཏན་བརྙེས་ཚུལ།  རྨད་བྱུང་གཞན་ཕན་གྱི་འཕྲིན་ལས་ཕྱོགས་མེད་དུ་སྤེལ་བའི་ཚུལ་དང་གསུམ་ལས།དང་པོ་ནི།  བསྐལ་བཟང་རྣམ་འདྲེན་བཞི་པ་ཐུབ་པའི་དབང་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྒྱ་གར་རྡཽ་རྗེ་གདན་གྱི་བྱང་ཕྱོགས་ཐེག་པ་ཆེན་པོའི་ཆོས་དང་གང་ཟག་དར་རྒྱས་སུ་གྱུར་པ་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང༌།  གཟའ་སྐར་ཤིན་ཏུ་དགེ་ཞིང་ལེགས་པའི་དུས་སུ་ཡུམ་ལ་གནོད་པ་མེད་པར་རྗེ་འདི་ཉིད་མཚན་མའི་ལྟས་དུ་མ་དང་བཅས་ཏེ་མཚན་དཔེའི་པདྨོ་ལྗོངས་འདིར་བཞད་པའོ།  །

ཀྱེ་མ་སྐལ་བཟང་མཁྱེན་གཏེར་མིའི་ཟླ་བ།  །རིགས་རུས་དྭངས་གཙང་མ་སྨད་ཆུ་གཏེར་ལས།  །
ཉེ་བར་འཁྲུངས་འདིས་མཐོང་ཐོས་དྲན་རེག་གི། །སྐྱེ་དགུའི་ཡིད་ལ་དགེ་ལེགས་སྣང་བ་བྱིན།  །

དེ་ཡང་བྱིས་པ་ཆུང་ངུ་ནས་ངོ་མཚར་ཆེ་བ་ཞིག་ཡིན་ལ།  དགུང་ལོ་གཉིས་ཙམ་ན་ཝ་ཤུལ་མཁན་པོའི་སྐུ་མདུན་དུ་ཁྱེར་བས་ཁོང་གིས་ཀྱང་བྱིས་པ་འདི་བཙོག་གྲིབ་སོགས་ལ་འཛེམ་བག་གྱིས་དང༌།  གཞན་དང་མི་འདྲ་བའི་ཡོན་ཏན་ཅན་ཞིག་འོང་བ་སྙམ་སོགས་གསུངས།ཁྱད་པར་ཅུང་ཟད་ནར་སོན་པ་ནས་བཟུང༌།  སྲོག་གཅོད་པ་ལ་ཤིན་ཏུ་འཛེམ་ཞིང༌།  མ་ཟད་གཞན་གྱིས་སྲོག་གཅོད་པ་སོགས་མཐོང་བ་ན།  དེ་མ་ཐག་ངུ་ཟུག་བྱས་ནས་བཀག་ཅི་ཐུབ་བྱེད་པ་ཞིག་ཀྱང་ཡིན།  སྤྱོད་པ་འདི་རིགས་ཀྱིས་དཔག་ན་སྐྱེ་བ་དུ་མར་སྙིང་རྗེའི་གཞན་ཕན་ལ་གོམས་པའི་ཐེག་ཆེན་རིགས་ངེས་ཤིག་ཡིན་ངེས་སྙམ་མོ།  །

ཀ་དག་སྤྲོས་པ་བྲལ་བའི་ལྷ་ལམ་དུ།  །རྒྱལ་སྲས་དཔའ་བོའི་རྒྱུ་སྐར་ཡེ་ཤེས་སྐུ།  །
སྐལ་བཟང་གདུལ་བྱའི་ཆུ་སྣོད་འཕོས་པ་ལས།  །གཟུགས་སྐུའི་བཀོད་པ་ངོམ་པའི་དགེ་མཚན་འབར།  །

གཉིས་པ་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ནས་ཐོས་བསམ་སློབ་གཉེར་མཛད་དེ་ཐུགས་རྒྱུད་ལ་ཡོན་ཏན་བརྙེས་ཚུལ་ནི།  དེ་ཡང་སྔོན་སྦྱང་ཆོས་ཀྱི་བག་ཆགས་སད་སྟོབས་ཀྱིས་ཆོས་ཀྱི་ཕྱོགས་ལ་བློ་ཁ་ཕྱོགས་ནས་དགེ་བའི་བཤེས་གཉེན་ཀརྨ་བློ་འཕེལ་གྱི་མདུན་དུ་ལོ་ལྔའི་སྟེང་ནས།  ཇི་སྐད་དུ།མང་ཐོས་བག་ཆགས་སེམས་ལ་གོམས་རྣམས་ཀྱིས།  །མང་པོའི་ཤེས་བྱ་ཤེས་ལ་དཀའ་བ་མིན།  །  ཞེས་གསུངས་པ་ལྟར་ཀ་ཁ་ནས་བརྩམས་ཏེ།  ཆོས་སྤྱོད་དང་ཞི་ཁྲོ་སོགས་རྒྱུན་འདོན་སྐོར་རྒྱུན་མ་འགྱང་བར་ཐུགས་ལ་མངའ་བ་མཛད། དགུང་ལོ་བདུན་གྱི་སྟེང་ཚབ་ཚ་དགོན་གྱི་ཆོས་གྲྭ་རྒྱུན་ཞུགས་མཛད།  དགོན་གྱི་སྒྲིགས་གཞི་བཞིན་འདོན་ཆ་རྒྱུད་སྡེ་དང༌།  སྒྲུབ་མཆོད་ཁག་གི་ཆོ་ག་མང་པོ་ཐུགས་འཛིན་མཛད།  སྤྱི་ལོ་༡༩༨༤  དགུང་ལོ་བཅུ་བཞི་སྟེང་རྒྱུད་ངེས་འབྱུང་རྣམ་དག་གིས།  བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་འདུལ་བ་འཛིན་པ་ཆེན་པོ་མཁན་དཔལ་དགའ་དང༌།  དད་པའི་ཡུལ་དགེ་འདུན་གྲངས་ཚང་བའི་མདུན་དུ་རབ་ཏུ་བྱུང་བས་མཚན་ཐུབ་བསྟན་ཀརྨ་གཞན་ཕན་ཞེས་གསོལ་ནས་བསླབ་གསུམ་ངུར་སྨྲིག་གི་རྒྱལ་མཚན་སྐུ་ལ་བཞེས།འདི་ལོ་གྲོ་ཆས་སོགས་གང་ཡང་མེད་པ་ཁྱིམ་ནས་བྲོས་བྱོལ་དུ་གཞན་གྲྭ་ཆུང་ཞིག་དང་ལྷན་དུ་ལྷ་སར་ཇོ་མཇལ་བྱོན།  ཟླ་གསུམ་གྱི་རིང་ལྷ་ས་སོགས་གནས་མཇལ་མཛད་ནས་སྐུ་ཡུལ་དུ་ཕེབས་པས་ན་ཚོད་ཆུང་བ་དང་ས་ཐག་རིང་བ་གྲོ་ཆས་སོགས་མེད་པས་ཐམས་ཅད་ཀྱིས་སྙིང་སྟོབས་ཆེ་བའི་ཚད་དུ་གླེང༌།  དེ་ནས་མཁན་རིན་པོ་ཆེ་དཔལ་དགའ་ལས་སྡོམ་གསུམ་སོགས་གསན་སྦྱོང་གནང༌།  གཞན་ཡང་སུམ་ཅུ་པ་དང་བྲིས།  གཏོར་བཟོ་དང་ཕྱག་ལེན་འདོན་རྟ་དབྱངས་འབུད་རྡུང་དཀྲོལ་གསུམ།  གར་ཐིག་དབྱངས་རོལ་སོགས་ལ་ཡང་སྦྱངས་པ་མི་དམན་པར་མཛད།  འདིའི་བར་སྐབས་རྣམས་སུ་སྐུ་ཡུལ་སུ་གྲོང་ཆོག་ལ་ཡང་བྱོན།སྤྱི་ན་ཆུང་ངུ་ནས་ཐུགས་རྒྱུད་དྲང་ཞིང་རང་འདོད་ཆུང་ལ་ཁྱད་པར་དུ་གང་ཟག་སུ་དང་འགྲོགས་ཀྱང་ཕྲག་དོག་དང་ཟུར་ཟ་སོགས་གདུག་རྩུབ་མེད་པར་འགྲོགས་བདེ་བ་ཞིག་ཡིན་པས་ཀུན་ཀྱིས་གཙུག་ཏུ་བཀུར་བའི་སྐྱེས་བུ་ཞིག་ངང་གིས་ཆགས་ཡོད།སྤྱི་ལོ་༡༩༨༨དགུང་ལོ་བཅོ་བརྒྱད་སྟེང་ནས་འདི་ཕྱི་ཀུན་ལ་ཕན་པའི་ཆོས་ཤིག་སྒྲུབ་དགོས་པ་འདུག་སྙམ་པའི་ཐུགས་འདུན་ཤར་ནས་གནས་ཀྱི་ཡོན་ཏན་མ་ཚང་པ་མེད་པ་གྲོ་ལུང་རི་ཁྲོད་དུ་ཕྱིན།གནས་དེར་སྤྱོད་པ་མཐའ་གཉིས་ལ་མི་གནས་པར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ།   ཀུན་སྤང་བྱ་བྲལ་གྱི་བརྟུལ་ཞུགས་འཆང་ཞིང༌།  དམན་པའི་ས་བཟུང་ཧྲུལ་པོའི་གོས་གྱོན།  བཀའ་གདམས་གོང་མ་རྣམས་ཀྱི་རྣམ་ཐར་ཁོ་ན་བཞིན་གནང་ཞིང༌།  ནང་སེམས་ཀྱི་ཉམས་ལེན་ལ་དབང་འབྱོར་བའི་རྡོ་རྗེ་འཆང་དངོས་ཀརྨ་ལེགས་ལྡན་ནམ་སེངྒེ་མཆོག་དང༌།  རིམ་གཉིས་ལམ་ལ་མངའ་དབང་འབྱོར་བ་སྒྲུབ་དཔོན་རིན་པོ་ཆེ་ཀརྨ་ཤེས་རབ་ཟུང་ལ།  མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ནས།  ཕྱག་ཆེན་ངེས་དོན་སྒྲོན་མེ་དང༌།  སྙིང་ཐིག་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་སོགས་ཀྱི་ཁྲིད་ལེགས་པར་གསན་ཅིང༌།  དམིགས་རིམ་རྣམས་ཐུགས་འཛིན་མཛད་ནས།  ཕྱག་ཆེན་སྔཽན་འགྲོ་གྲངས་བསགས་ཚད་ལྡན་བྱས།སྤྱི་ལོ་༡༩༨༨ལོ། དགུང་ལོ་བཅུ་དགུ་སྟེང་གྲོ་བོ་ལུང་གི་སྒྲུབ་གྲྭའི་ནང་ཞུགས།  སླར་ཡང་སྒྲུབ་དཔོན་རིན་པོ་ཆེ་ཀརྨ་ཤེས་རབ་ལས་སྔོན་འགྲོའི་ཁྲིད་དང༌།  རིགས་ཀུན་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའི་སྨིན་བྱེད་དབང༌།  གྲོལ་བྱེད་ཁྲིད།  རྒྱབ་རྟེན་ལུང་གིས་མཚོན་པའི་ཆོས་བཀའ་གང་མང་གསན།  མཚམས་ཀྱི་བཅད་རྒྱ་དྲག་པོའི་ངང་ནས་སྔོན་འགྲོ་འབུམ་ལྔ་དང༌།  ས་ཏྭ་དུང་ཕྱུར་ཉེ་བ། ཡིག་བརྒྱ་འབུམ་ཕྲག་བཞི་ཙམ།  མགོན་པོ་བཻར་ཅན་གྱི་བསྙེན་སྒྲུབ་སོགས་ལེགས་གྲུབ་དང༌།  གཞན་ཡང་དགེ་བའི་བཤེས་གཉེན་ཆེན་པོ་སེངྒེ་མཆོག་དང༌།  ཀརྨ་ཤེས་རབ་ཟུང་ལ་ཟང་ཟིང་གི་དངོས་པོ་ཡོངས་རྫོགས་སྤོང་དག་དང༌།  ལུས་ངག་ཡིད་གསུམ་ཕུལ་ནས་རྗེས་སུ་ཡང་འདོད་ཆུང་ཆོག་ཤེས་ཀུན་སྤངས་བྱ་བྲལ་བྱ་བ་དམ་བཅའ་བཟང་པོ་ཕུལ་བས།  ཐུགས་དགྱེས་བརྩེ་ཚད་མེད་མཛད།  རྟོགས་པའི་དབང་ཕྱུག་སེངྒེ་མཆོག་གིས།ཨུ་དུམ་ཝ་འདྲའི་སྐྱེས་མཆོག་དམ་པ་ཡི།  །མི་འགྱུར་སྐུ་ལ་ཆོས་གོས་གསུམ་གྱིས་བརྒྱན།  །ཞེས་སོགས་བཀྲ་ཤིས་སྨོན་ཚིག་དང་འབྲེལ་ཆོས་གོས་དང་གསུང་ཟབ་དུ་མ་བསྩལ།  རིམ་བཞིན་ཚེ་གཅིག་ལུས་གཅིག་གིས་གྲོལ་བའི་གདམས་ངག་ཕྱག་རྫོགས་ཟབ་མོའི་གནད་རྣམས་གབ་སྦས་མེད་པར་དམར་ཁྲིད་ཀྱི་ཚུལ་དུ་གནང༌།  དེ་ནས་བཟུང་བརྩོན་འགྲུས་དྲག་པོའི་ཕྱི་མཚམས་ནང་མཚམས་བཅད་དེ་གནས་ལུགས་ཡང་དག་པའི་དོན་ལ་རྩེ་གཅིག་ཏུ་གཞོལ་བའི་སྔ་ཕྱི་སྒྲུབ་པ་ལོ་མང་རིང་བྱས་པས།  ནང་དུ་ཉམས་རྟོགས་ཀྱི་ཡོན་ཏན་ཡང་ཕྱག་རྫོགས་ཀྱི་ཁྲིད་ཡིག་སྐོར་ནས་གསུངས་པའི་ལམ་རྟགས་ཁྱད་པར་ཅན་ཐུགས་ལ་འཁྲུངས་པས།  གྲུབ་བརྙེས་ཆེན་པོ་སེངྒེ་མཆོག་གི་ཞལ་ནས།  སྐལ་བཟང་ལས་སྨོན་དག་པ་རྡོ་རྗེ་ཡི་སྤུན་གྲོགས།  །སྔཽན་བྱོན་གོང་མ་རྣམས་ཀྱི་རྗེས་འཛིན་གྱི་སྙིང་སྟོབས།  །མཚན་ལྡན་བླ་མའི་བཀའ་བཞིན་སྒྲུབ་པ་ལ་བརྩོན་པས།  །ཉམས་སྣང་འཇའ་རིས་ལྟ་བུ་གཏད་མེད་ཀྱི་སྣང་བ།  །ཞེན་མེད་བཏང་སྙོམས་ལྟ་བུའི་རང་བབ་དེ་སྐྱོང་འཚལ།  །དེ་ལ་བརྟན་པ་ཐོབ་པས་རེ་དོགས་དང་བྲལ་ན།  །ཀུན་བཟང་གདོད་མའི་མགོན་པོ་དེ་ཀ་ལས་ལྷག་མེད།  །ཅེས་པ་ལ་སོགས་པའི་བསྔགས་བརྗོད་དང་གདམས་ཟབ་ལྟ་མགུར་དུ་མ་བསྩལ་བ་དང༌།  ནང་ཐུགས་ཀྱི་སྲས་གཅིག་ཏུ་དགོངས་ཏེ་རྒྱུན་དུ་དགྱེས་ཚོར་ཡང་ཡང་མཛད།  འདི་སྐབས་ཤིག་ན་ལྷ་འདྲེའི་ཆོ་འཕྲུལ་ལམ་གདོན་བགེགས་ཀྱི་བར་ཆད་གང་ཡང་མ་ངེས་པའི་གློ་བུར་དུ་མགོ་ནད་ཚབས་ཆེན་ཞིག་ཐེབས་ནས་འདས་ལ་ཉེ་བ་ན།  བླ་མའི་ཞལ་ནས་ན་བའི་འཕྲོ་ན་འཆི་བ་ཡིན་པས།  གལ་ཏེ་ནད་ངན་འདིས་མ་བཏང་པར་འཆི་དགོས་བྱུང་ན།  ཁྱོད་ལ་འཆི་ཁ་མི་འགྱོད་པའི་གདེང་ཅི་འདྲ་ཡོད་ཅེས་དྲིས་པར།  བླ་མ་ལ་མོས་གུས་རྩེ་གཅིག་པས།  འཆི་བར་མི་འཇིགས་པའི་གདེང་དང་ན་ཚ་འདི་ལམ་དུ་འཁྱེར་ཚུལ་རྣམས་ཞུས་པས།  བླ་མ་ཤིན་ཏུ་དགྱེས་བཞིན་སླར་ཡང་འདི་ལྟར་གསུངས་པ།ཨེ་མ་སྙིགས་དུས་རྒྱལ་བསྟན་མཐར།  །སྐྱེ་ཤི་འཇིགས་བྲལ་རྣལ་འབྱོར་བྱོན།  །རྐྱེན་ངན་རིག་པའི་རྒྱན་དུ་ཤར།  །ན་ཚ་ཆོས་སྐུའི་ངང་དུ་གྲོལ།  །འདྲེ་གདོན་ལྷ་སྲུང་ངོ་བོ་མཉམ།  །ལྟ་བ་གཡོ་མེད་ནམ་མཁའ་ལྟར།  །ངོ་མཚར་ལྟད་མོའི་ཁ་འབབ་དེས།  །ཤེས་རབ་ཅན་རྣམས་སྤྲོ་བ་འཕེལ།  །བསྟོད་དབྱངས་གླུ་ཡི་མཆོད་པ་འབུལ།  །ཞེས་པ་སོགས་དབུགས་དབྱུང་དང༌།  ནང་དུ་ཡང་དག་པར་འཇོག་སྐབས་སུ་ཤན་འབྱེད་དང་འཕྲང་བསལ་ཚུལ་སོགས་འདི་དང་འདི་ཞེས་ཐེག་རྩེའི་གསང་ཚིག་སྐོར་རྣམས་མན་ངག་ཆིག་བརྒྱུད་ཀྱི་ཚུལ་དུ་ལྷག་ལུས་མེད་པར་གསུངས་པས།  བླ་སློབ་དགོངས་པ་དབྱེར་མེད་དུ་གྱུར་ནས་སྙུང་གཞི་ཡང་རང་ཡལ་དང་ཐུགས་དམ་བོག་སྐྱེད་བཟང་པོ་ཐོན་པས།  རྗེ་བླ་མ་མཉེས་ནས།དམ་ལྡན་རྡོ་རྗེའི་སྤུན་གྲོགས་རྣམས།  །རེ་འགའ་སྤྱན་མིག་ཡར་གཟིགས་ནི།  །གཡུ་རལ་ངོམ་ཞིང་གངས་ལ་འགྱིང༌། །སེངྒེ་དཀར་མོའི་བུ་རྒྱུད་འདྲ།  །དཔའ་རྩལ་གཞན་གྱིས་འགྲན་ཟླ་བྲལ།  །མི་རྒན་མ་ཤི་སྣང་བ་སྤྲོ།  །ཉམས་མྱོང་ཁ་ཏ་ཚིག་གསུམ་ཞུ།  །ཞེས་སོགས་མན་ངག་གནད་འདུས་དུ་མ་གནང༌། མདོར་ན་བཀའ་གཏེར་ཟབ་ཆོས་རྒྱ་མཚོའི་བདག་པོར་གྱུར་པ།  བཀའ་དྲིན་སུམ་ལྡན་བླ་མ་དམ་པ་སེངྒེ་དང་ཀརྨ་ཤེས་རབ་ཟུང་གིས།  གདམས་ཟབ་དབང་ཁྲིད་མན་ངག་ཡོངས་རྫོགས།  ཐུགས་ཀྱི་དཔལ་བེའུ་ནས་བརྒྱུད།  མགུལ་གྱི་བུམ་བཟང་ནས་ཕྱུང༌།  ཞལ་གྱི་ཚེམས་བར་ནས་བཀྲམ་སྟེ་གནང་ནས་རྒྱལ་ཐབས་སྤྱི་བླུགས་ཀྱི་ཚུལ་དུ་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང༌། མཚན་ཡང་རིག་པ་འཛིན་པ་ཡོངས་ཀྱི་གཙོ་བོར་གྱུར་པའི་རྟེན་འབྲེལ་ཡིན་གསུངས་ནས།  རིག་འཛིན་ཆོས་ཀྱི་རྒྱལ་པོ་ཞེས་མཚན་གྱི་ཅོད་པན་སྤྱི་བོར་བསྩལ་ནས། རྟོགས་པའི་དབང་ཕྱུག་སེངྒེ་མཆོག་གིས།སྙིང་དང་འདྲ་བ་ཀརྨ་ལྷ་བུ་ལ།  །སྙིང་གཏམ་སྙིང་ནས་དྲན་པའི་དགའ་སྟོན་འདི།  །ཕུལ་བས་ཚོགས་གཉིས་རྫོགས་པའི་བཀྲ་ཤིས་ཤོག  །ཅེས་སོགས་ཀྱི་ཤིས་ཚིག་དང་གསུངས་ཟབ་དུ་མ་གནང༌།སྒྲུབ་དཔོན་རིན་པོ་ཆེ་ཀརྨ་ཤེས་རབ་མཆོག་གིས་ཀྱང་ནམ་རྒྱུན་ངེད་དཔོན་སློབ་གཉིས་ཤི་བྲལ་ལས་གསོན་བྲལ་མི་བྱེད་ངེས་ཅན་ཡིན་ཞེས་སོགས་ཐུགས་དགྱེས་བརྩེའི་གསུངས་ཡང་ཡང་གནང་བ་དང༌།  མཁན་བཀའ་བློན་སོགས་ལ་ཁྱེད་རྣམས་ཀྱིས་གྲོགས་ཀརྨ་ལྷ་བུ་དང་རྒྱུན་དུ་འགྲོགས་པར་གྱིས་དང་འདི་ཕྱིར་ཕན་པའི་ཡོན་ཏན་རེ་འགོས་ངེས་ཡིན་ཅེས་དང༌།  གཞན་གདམས་ངག་ལ་སྒྲོ་འདོགས་མ་ཆོད་པ་ཡོད་ན་ཁོང་ལ་དྲིས་ཤིག་ཅེས་བསྔགས་བརྗོད་རྒྱ་ཆེར་བརྗོད་པ་སོགས་བུ་སློབ་ཡོངས་ཀྱི་ནང་ནས་ཐུགས་ཀྱི་སྲས་མཆོག་དམ་པ་ཉིད་དུ་འཛིན།  ཁོང་གཅིག་པུ་ལ་རྒྱལ་བའི་བཀའ་འགྱུར་གྱི་ལྗགས་ལུང་བསྩལ་ཀྱང་མཇུག་མ་དྲིལ་པ།སྤྱི་ལོ་༡༩༩༡ཟླ་༡༢པའི་མར་ངོ་ཞིག་ལ་སྒྲུབ་དཔོན་རིན་པོ་ཆེ་ཉིད་ཀྱིས་ཞལ་ནས་མདང་ངའི་རྨི་ལམ་དུ་ཞོ་ཀར་ཡོལ་གང་ཁོང་ལ་གཏད་པའི་ཚེ་དཀར་ཡོལ་དེ་ཆག་སོང་བ་ཞིག་རྨིས་པས། དཀར་ཡོལ་དེ་ང་རང་ཡིན་པ་འདྲ།  ཞོ་ཁོང་ལ་གཏད་པ་ནི་གདམས་ངག་མ་ལུས་པ་གནང་བ་དེའི་ལྟས་ཡིན་པ་འདྲ།  ད་འཇིག་རྟེན་འདིར་ཡུན་རིང་མི་བཞུགས་པའི་ཤས་ཆེ་གསུངས་ནས།  སྤྱི་ལོ་༡༩༩༢ཆུ་སྤྲེལ་ཟླ་བ་༡ཚེས་༤དགུང་མོ་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།  དགོངས་རྫོགས་ཀྱི་བྱ་བ་རྣམས་ཀྱང་ཁོང་ཉིད་ཀྱིས་མཇུག་ལེགས་པར་གྲུབ་པར་བྱས།གཞན་ཡང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་རྗེ་མཐོང་བ་དོན་ལྡན་ཀརྨ་བློ་གྲོས་ངེས་དོན་བསྟན་འཛིན་སེངྒེ་དཔལ་བཟང་པོའི་ཞལ་སྔ་ནས།  དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར།  རྩ་བ་ནི་གུ་ཆོས་དྲུག  སྡོང་པོ་ཕྱག་རྒྱ་ཆེན་པོ།  ཡལ་ག་ལམ་ཁྱེར་རྣམ་གསུམ།  མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཕྱུག་མེད་དེ་གསེར་ཆོས་ལྔ་ཞེས་གྲགས་པ་དེ་དང༌།  མཁའ་འགྲོ་མ་སུ་ཁ་སིདྡྷི་ལས་གསན་པའི་ཐབས་ལམ་ཆོས་དྲུག  ཕྱག་ཆེན་དག་པ་ཡེ་ཤེས།  གྲུབ་ཆེན་ར་ཧུ་ལ་གུབྷ་ལས་གསན་པའི་ལྷ་བཞི་དྲིལ་བསྒྲུབ།  བླ་མགོན་དབྱེར་མེད་ཀྱི་གདམས་སྐོར།  རྡོ་རྗེ་གདན་པ་ཨ་བྷ་ཡའི་ཟབ་ཆོས་རིན་ཆེན་རྒྱ་མཚོའི་རྒྱུད་ཀྱི་དངོས་བསྟན་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་ཟབ་མོའི་ལུས་དཀྱིལ་དང༌།  གཅོད་སྐོར།  གུར་དྲག  རྡོ་རྗེ་གྲོ་ལོད།  སྒྲོལ་དཀར།  ཞི་ཁྲོ་སོགས་ཀྱི་དབང་ལེགས་པར་མནོས་པའོ།  །ཤངས་ཆོས་སྐོར་གྱི་ཁྲིད་ལུང་དང་ཆོ་གའི་ཕྱག་ལེན་སྐོར་ཞིབ་ཕྲ་ནི་དཔལ་སྤུངས་དབུ་མཛད་བླ་མ་བཟོད་པ་ལས་ཞུས།  ཁོང་ཉིད་ནས་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པ་སྤེལ་བའི་ཕྱིར།  སྤྱི་ལོ་༡༩༩༢ལོར།  ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་སྒྲུབ་དཔོན་རིན་པོ་ཆེ་ཡེ་ཤེས་འབྱུང་གནས་མཆོག་གི་ཞབས་པད་ལ་གཏུགས་ཏེ།  བདེ་མཆོག  ཕག་མོ།  རྒྱལ་བ་རྒྱ་མཚོ་མགོན་པོའི་སྒྲུབ་སྐོར་བཅས་ཀྱི་ཆོ་ག་དང༌།  བསྙེན་ཡིག་ཆ་ལག་བཅས་ཀྱི་དབང་ཁྲིད་དང༌།  དཔལ་ནཱ་རོ་ཆོས་དྲུག  མཁྱེན་སྤྲུལ་པའི་རྩ་རླུང་འཕྲུལ་འཁོར།  སྙན་བརྒྱུད་འཕྲུལ་འཁོར་འཇང་སྤྲུལ་སྐུ་སྐྱེ་དབང་རྒྱལ་གྱིས་མཛད་པའི་རྩ་རླུང་འཕྲུལ་འཁོར།  སྙན་བརྒྱུད་འཕྲུལ་འཁོར་རྩ་ཚིག་བཀའ་རྒྱ་ཅན།  ཕྱག་ཆེན་ངེས་དོན་རྒྱ་མཚོ།  ཕྱག་ཆེན་མ་རིག་མུན་སེལ།  ཕྱག་ཆེན་ཆོས་སྐུ་མཛུབ་ཚུགས་བཅས་ཞིབ་ཁྲིད་ལེགས་པར་མནོས།དེ་དག་གི་སྐབས་སུ་ཁོང་ལ་གོ་རྟོགས་བྱུང་བ་རྣམས་སྙན་ལམ་དུ་ཕུལ་བས་ཐུགས་དགྱེས་སྤྲོ་ཚད་མེད་གནང༌།  སྒྲུབ་དཔོན་མཆོག་གི་ཞལ་ནས་ཁོ་བོ་ལ་ཕྱག་ཆེན་ངེས་དོན་རྒྱ་མཚོ་བྲིས་མ་བྱིན་ལྡན་ཞིག་ཡོད་ལ།  འདི་སྔོན་དིལ་མོ་ཆོས་རྗེའི་མ་ཡུམ་གྱིས་བྲག་ཁུང་ཞིག་ནས་རྙེད་པ།  སྤྲུལ་པའི་ལྷ་བཟོ་ཆེན་པོ་ཐང་ལྷ་ཚེ་དབང་ལ་ཕུལ།  དེས་ཁོ་བོ་ལ་ཕུལ་བྱུང་ནའང༌།  ད་སྔོན་ཉམས་ལེན་ཚུལ་བཞིན་བྱེད་པ་དང༌།  བརྒྱུད་པ་སྤེལ་ངེས་ཡིན་སྙམ་པ་ཞིག་མ་བྱུང་བས་གཞན་ལ་སྦྱིན་ཏུ་ཕངས་ནས་མ་སྦྱིན་པ་སྒྲུབ་སྤྱི་ལ་ཕུལ་དུ་ཟིན་ཀྱང༌།ལས་གཉེར་ལས་ཕྱིར་བླངས་ཏེ་ཁྱེད་ཉིད་ལ་ཕུལ་རྒྱུ་ཡིན། ཁྱེད་ཀྱིས་ཐབས་ལམ་ནཱ་རོ་ཆོས་དྲུག་དང༌།  གྲོལ་ལམ་ཕྱག་རྒྱ་ཆེན་པོ་གཉིས་ཀྱི་བཤད་ཁྲིད་མན་ངག་དང་བཅས་པའི་སྒོ་ནས་འགྲོ་དོན་རྒྱ་ཆེར་གྱིས་ཤིག་དང༌།  བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེར་འབྱུང་ཞེས་དབུགས་དབྱུང་དང་གཟེངས་བསྟོད་གནང༌།  ཁོང་ཉིད་ཡང་དད་སྤྲོ་བླ་ལྷག་ཏུ་འཕེལ་བ་བྱུང་སོང༌།བླ་མས་ངས་བརྒྱུད་པ་ཁྱོད་ལ་གཏད་པ་ཡིན་དངོས་སུ་གསུངས་མ་སོང་ཡང༌།  དོན་དུ་བླ་མའི་ཐུགས་ཟིན་ནས་བརྒྱུད་འཛིན་དུ་མངའ་གསོལ་བ་བྱུང་སོང་སྙམ་གསུངས།དེ་ནས་ཨ་འཛོམ་དུ་བྱོན་ནས་ཨ་འཛོམ་འབྲུག་པ་རིན་པོ་ཆེ་ལས།  ཚིག་གསུམ་གནད་བརྡེག་སོགས་རྫོགས་ཆེན་གྱི་མན་ངག་ཁ་ཤས་གསན།  དེ་ནས་གསེར་རྟར་བྱོན།  བྱ་བྲལ་དབང་ཕྱུག་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་མཇལ་ནས་ཆོས་འབྲེལ་ཞུས།དེ་ནས་མགོ་ལོག་ཏུ་རྟོགས་པའི་དབང་ཕྱུག་མཁན་ཆེན་མུན་སེལ་རིན་པོ་ཆེ་མཇལ་བའི་ཕྱིར་རྐང་བགྲོད་ཀྱིས་ཕྱིན།  ལམ་བར་དུ་ཞག་སྡོད་སྐབས་ཆར་ཆུ་དྲག་ཏུ་བབས་པར་ཆར་གོས་སོགས་མེད་པར་བྱང་ཐང་དུ་ཉལ་བའི་ཤིན་ཏུ་གྲང་འཁྱག་གིས་མནར་ནས་ཤི་ལ་ཁད་ཀྱི་སྡུག་བསྔལ་མྱོང་ཡང་ཆོས་ཕྱིར་དཀའ་སྤྱད་ལ་བསམ་ནས་འགྱོད་པ་ནི་ཡེ་མ་སྐྱེས་གསུངས། དེ་ནས་རྗེ་མུན་སེལ་ཉིད་མཇལ།  ཆོས་ཁྲིད་མེད་པར་གུང་སེང་སྐབས་དང་འཕྲད་ཀྱང༌།  ཐུགས་བརྩེ་ཆེན་པོའི་རྗེས་སུ་འཛིན་ནས་ཁོང་གཅིག་པུ་ལ་ཡེ་ཤེས་བླ་མའི་སྨིན་ཁྲིད་ཟབ་མོ་བསྩལ།  ད་དུང་ཡང་ཐུགས་མ་ཚིམ་པ་རྗེ་ལ་ཁྱེད་ཀྱི་ཐུགས་དམ་མན་ངག་རིགས་གནང་བར་ཞུ་ཞུས་པས།  རྗེའི་ཞལ་ནས་ཁྱེད་ལ་དེ་སྔ་གོ་རྟོགས་ཅི་འདྲ་ཡོད་ཅེས་དྲིས་པས།  ཁོང་གི་ཉམས་རྟོགས་སྐོར་རྣམས་ཞུས་པས་རྗེ་ཉིད་ཐུགས་དགྱེས་བཞིན་བདག་གིས་དུས་རྒྱུན་གསང་བ་མན་ངག་གི་ཆོས་ལ་ཉམས་ལེན་བྱས་ཁུལ་ཡིན་ལ།  དེས་ན་འདིའི་ལྟ་སྒོམ་སྤྱོད་པའི་གནད་གསང་རྣམས་ལ་ཉམས་ལེན་འདི་ལྟར་དགོས་ཞེས་སྦས་མེད་དུ་གནང༌།  ཁྱེད་དང་པོ་མཐོང་དུས་བདག་ལ་སྤྲོ་བ་ཆེན་པོ་ཞིག་བྱུང་བས་སྔོན་ལས་འབྲེལ་བཟང་པོ་ཞིག་ཡོད་པ་འདྲ།  དེས་ན་ཡེ་ཤེས་བླ་མ་དང༌།  རྫོགས་པ་ཆེན་པོའི་གསང་བ་ཟབ་མོའི་སྐོར་ཁྱེད་ལ་གབ་སྦས་མེད་པར་ཇི་བཞིན་བཤད་ཡོད་པས་རྗེས་སུ་ཉམས་ལེན་མ་འཆུག་པར་གྱིས།  ལོ་གསུམ་གྱི་རྗེས་ནས་སླར་ཡང་འདི་རུ་ཤོག  སང་ཉིན་ཁྱེད་ཉིད་རང་དགོན་དུ་འགྲོ་བའི་སྐྱ་མི་ཞོན་རྟ་སོགས་སྟ་གོན་བྱས་ཡོད་པས་དེ་ལུགས་ཕེབས་ཆོག་གྱིས་ཞེས་སོགས་གཞན་དང་མི་འདྲ་བའི་རྩིས་མཐོང་ཆེན་པོ་གནང་བ་སོགས་ཤིན་ཏུ་ཐུགས་ལ་བཏག ཕྱི་ཉིན་ཤོག་སྒོར་དང་གྲོ་ལྷག་ཡོད་ཚད་རྗེའི་ཕྱག་ཏུ་ཕུལ་ནས།  སྒར་དེ་ན་བཞུགས་ཡོད་པའི་འཚོ་བ་ཅུང་ཟད་ཞན་པ་རྣམས་ལ་གནང་རོགས་ཞུས།  དེ་ནས་སྐུ་ཚ་གྲྭ་པ་ཞིག་སྐྱེལ་མིར་མངགས་པས་རང་དགོན་དུ་ཕེབས།  རྗེས་སུ་ལོ་གསུམ་མ་ཟིན་ཙམ་དུ་རྗེ་ཉིད་དགོངས་པ་ཆོས་དབྱིངས་སུ་གཤེགས་སོང་བས་ཁོང་ལ་མཇལ་བའི་སྐལ་བ་མ་བྱུང་པས་སེམས་སྐྱོ་ཚད་མེད་པ་ཞིག་བྱུང་ཡང་བྱ་ཐབས་བྲལ་ཞེས་གསུངས།

རྗེ་ཁྱེད་ལྷན་སྐྱེས་ཡོན་ཏན་འོད་དཀར་གྱིས།  །མཛེས་ཀྱང་རིས་མེད་བསྟན་འཛིན་དགེ་བའི་བཤེས།  །
ཚུལ་བཞིན་བསྟེན་པའི་ཀུན་སྤྱོད་གཙང་མ་འདིས།  །བྱང་སེམས་རྟག་ངུའི་རྣམ་ཐར་དྲན་པར་བྱས།  །

དེ་ནས་ཚབ་ཚ་དགོན་དུ་ཕེབས་ནས་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་མཚམས་ལ་བཞུགས། ཞོར་དུ་སྒྲུབ་གྲྭ་བ་སྤྱི་ལ་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཆོག་དང༌། བསྙེན་ཡིག་སོགས་བཤད་ལུང་སོགས་ཀྱིས་སྨིན་ཁྲིད་མཛད།དེའི་སྐབས་སྤྱི་ལོ་༡༩༩༢ཟླ་༡༢ཚེས་༢༩མཚན་མོ་ཆུ་ཚོད་༨དང་སྐར་མ་༣༠སྟེང་དུ་བཀའ་དྲིན་སུམ་ལྡན་བླ་མ་རིན་པོ་ཆེ་སེངྒེ་མཆོག་གི་སྐུ་རྩར་བཅར་ནས་སྙུན་འདྲི་བྱས་པར། བླ་མའི་ཞལ་ནས་ནད་ལས་གྲོལ་འདུག་ཀྱང་ཚེ་འདིར་དམ་ཚིག་ཉམས་ཆག་དུ་མ་ཡོད་པས་དེ་བཤགས་སྦྱོང་ཕྱིར།  རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྟེན་ནས།  སང་ཉིན་གནམ་སྟོང་ནས་དབུ་བརྩམས་ཏེ་འབུམ་འགྱུར་ཟླ་བ་འདིའི་ནང༌།  ཕྱི་མཚམས་ནང་མཚམས་བཅད་ནས་བཞུགས་རྒྱུ་ཡིན།  ཟླ་འདིའི་ནང་འཆི་ཨེ་ཐུབ་བསམ།  ལས་བཟང་ན་འཆི་རྒྱུ་རེད།  ལས་ངན་ན་འཆི་ཐུབ་རྒྱུ་མ་རེད།  ད་དུང་སྒྲོ་འདོགས་མ་ཆོད་པ་ཡོད་ན་ཞུས།ཁོང་གི་སྙིང་དང་འདྲ་བའི་སློབ་བུ་ཉི་མ་རྒྱལ་མཚན་ཁོང་རྣམ་གཉིས་ཡིན་པས།  བར་ཆད་འདྲ་མ་བྱུང་ན་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་རྒྱུ་རེད་སྙམ་པའི་ངེས་ཤེས་ཡོད་ཅེས་དང༌།  དེ་མིན་གཞན་གྱིས་ཁ་ཟེར་དང་འཁོར་གྱིས་ལོག་སྒྲུབ་བྱུང་ཚུལ་དང་ཁྱེད་རང་ལ་བྱུང་ནའང་ལམ་དུ་ཁྱེར་ཚུལ་སོགས་བརྩེ་བའི་སྙིང་གཏམ་མང་པོ་ཞིག་ཞིབ་པར་གསུངས་ནས་མཚན་མོ་ཆུ་ཚོད་གཉིས་པའི་སྟེང་བར་དུ་བཞུགས།  བྱོན་ཁ་བླ་མ་མཆོག་གི་ཁ་དར་ཉིན་མོ་བདེ་ལེགས་ཤིག་ཕྱག་ཏུ་བླངས་ནས་དར་འདི་ཤིན་ཏུ་རིང་པོ་ཞིག་འདུག་ཅེས་གསུངས་ནས་ཐུགས་དགྱེས་དགྱེས་མཛད་ནས་ཁོང་ལ་གནང༌།  རྗེ་བླ་མ་ཉིད་བོད་ཟླ་༡༢པའི་ཚེས་༣༠ནས་སྐུ་མཚམས་བཅད་རྒྱར་བཞུགས་པས་སྐུ་ཁམས་ཀྱང་ཇེ་དྭངས་སུ་གྱུར། ཁོང་ཉིད་ཀྱང་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་སྐུ་མཚམས་ལས་གྲོལ་ནས་ཕྱི་ཕྱོགས་ཆོས་ཞུ་འགྲོ་གྲབས་བྱེད་སྐབས་ཚེས་༢༡ཉིན་བླ་མའི་སྐུ་མདུན་དུ་ཤོག་གསུངས་སོང་ཞེས་ཉ་སྤྲུལ་ནས་གསུང་འཕྲིན་བྱུང་བས་མདུན་དུ་ཕྱིན་ནས་ཁམས་འདྲི་ཞུས་པས། ཁམས་མི་དྭངས་པ་མི་འདུག་གསུངས། ཁོང་ཆོས་ཞུ་འགྲོ་རྩིས་ཡིན་ཞེས་ཞུས་པས།  ཁྱེད་ཉིད་གནས་སྐབས་ཆོས་ཞུར་འགྲོ་མི་ཉན།  ང་རང་མྱུར་དུ་འཆི་བར་ངེས་པས་པུར་སྦྱོང་དང་ཞུགས་འབུལ་སོགས་རྗེས་ཀྱི་བྱ་བའི་སྐོར་ལ་ཁོང་གིས་ལྟ་རྟོག་བྱེད་དགོས་ཞེས་པུར་སྦྱོང་མཛད་ཚུལ་སོགས་ཞིབ་པར་གསུངས།  དེ་ནས་ཁོང་ཉིད་སེམས་སྐྱོ་ཚད་མེད་པས་སྐུ་མདུན་དུ་ཡུན་རིང་བཤུམས་པས།  བླ་མ་ཅུང་ཟད་བཞད་ནས་ཁྱོད་ཕྱག་རྫོགས་ཟབ་མོའི་ལྟ་བ་གདེང་ལྡན་གྱི་རྣལ་འབྱོར་པ་ཞིག་ཡིན་སྙམ་ཡང༌།  ད་དུང་ཡང་བླ་མ་དང་འབྲལ་མེད་ཡིན་ཚུལ་ཙམ་ཡང་མ་གོའམ་ཞེས་གསུངས་ནས་བཞད་བཞད་ཙམ་མཛད།ཁོ་བོ་ད་ནི་འགྲོ་རན་འདུག  །འཆི་བ་འཆི་བ་ཞེས་བྱ་བ།  །རྣལ་འབྱོར་སངས་ཆུང་རྒྱལ་བ་ཡིན།  །  ཞེས་གསུངས་བ་ལྟར་འཆི་ཞེས་པ་དེ་ཡང་སངས་རྒྱལ་བ་རེད་འདུག་ཨ་སོགས་ངོ་མཚར་བའི་གསུང་ཟབ་འགའ་གནང་བཞིན།  སྤྱི་ལོ་༡༩༩༣ལོའི་ཟླ་བ་༡པོའི་ཚེས་༢༢ཉིན་དགུང་མོ་ཆུ་ཚོད་༤དང་སྐར་མ་༡༥སྟེང་ཞིང་འདིའི་གདུལ་བྱ་རྣམས་རྟག་འཛིན་གྱི་འཆིང་བ་དམ་པོ་གཅད་པར་འདུལ་ཕྱིར། སེངྒེ་ཉལ་སྟབས་བྱས་ནས་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་བསྡུས་ཏེ་གདོད་མའི་གཞི་དབྱིངས་སུ་གྲོལ་བའི་ཚུལ་བསྟན་ཏོ།  །ཞལ་བཀོད་ལྟར་རྗེས་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་པ་བྱས།  དེ་ནས་ཝ་ཤུལ་དུ་བྱོན་ནས་མང་ཐོས་སྡེ་སྣོད་འཛིན་པ་ཆེན་པོ་མཁན་དཔལ་དགའ་ལས།   མན་ངག་གི་དོན་འགྲེལ་ཆོས་དབྱིངས་རིན་པོ་ཆེ་རྩ་འགྲེལ་དང༌།  གནས་ལུགས་མཛོད་རྩ་འགྲེལ།  ཀར་གླིང་དྲུག་ཁྲིད།  ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེའི་མཛད་པའི་རྡོར་སེམས་སྔོན་འགྲོའི་ཁྲིད་ཡིག  ཞེ་ཆེན་རྒྱལ་ཚབ་ཀྱི་ཉམས་ལེན་གནད་བསྡུས་སོགས་ཞིབ་ཁྲིད་ཞུས།  དེ་ནས་ཟླ་རྒྱུད་ཆོས་གྲྭ་ཆེན་མོ་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་དུ་བྱོན། དེ་ན་སྔོན་སྦྱངས་སྐྱེས་ཐོབ་ཀྱི་ཤེས་རབ་ཟབ་མོའི་ཀློང་རྡོལ་བའི་མཁྱེན་རབ་ཕུལ་དུ་ཕྱིན་ཅིང་འཆད་རྩོད་རྩོམ་པའི་སྤོབས་པ་མི་ཟད་པ་རབ་འབྱམས་སྨྲ་བའི་དབང་ཕྱུག  གངས་ཅན་མཁས་པ་ཡོངས་ཀྱི་གཙུག་རྒྱན་མཁན་ཆེན་པད་མ་ཚེ་དབང་གི་ཞབས་ལ་གཏུགས་ཏེ། སྔ་ཕྱི་གསང་སྙིང་འོད་གསལ་སྙིང་པོ་ལན་གཉིས།  སྦྲུལ་ནག་པོའི་སྟོང་ཐུན་ལན་གཉིས།  སྤྱོད་འཇུག་རྩ་བ།  སྡོམ་གསུམ་དཔག་སྙེ།  ཚུལ་ཁྲིམས་བསྟོད་པ།  དབུ་མ་བཞི་བརྒྱ་པ།  མངོན་པ་མཛོད་འགྲེལ་བཅས་ཞུས་ནས་སློབ་གཉེར་ལ་བརྩོན་པ་ཆེན་པོ་གནང༌།རྗེ་ཉིད་ཀྱི་མདུན་ནས་ལཉྩ།ཞྭ ཝརྟུ།  བོད་ཡིག་དབུ་ཅན་བཅས་ལ་བསླབས་པས་ཡིག་བྲིས་མཆོག་ཏུ་གྱུར་ནས།  གཞན་ལ་བསླབ་པས་ཡིག་བྲིས་མཆོག་ཏུ་གྱུར་པའི་སློབ་བུ་མང་དུ་བྱུང༌།དེ་ནས་མཁན་བསོད་ཚེ་སོགས་ལས་ཡེ་ཤེས་བླ་མ།  གླག་བླ་ཆོས་འགྲུབ་ཀྱི་བདེ་སྨོན་འགྲེལ་བ།  མདོ་སྡེ་རྒྱན་གྱི་མཆན་འགྲེལ།  ཀུན་དཔལ་སྤྱོད་འཇུག་སོགས་ཟབ་རྒྱས་སྨིན་གྲོལ་གྱི་གདམས་ཟབ་མང་དུ་མནོས། དེ་སྐབས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཕེབས་པས་ཟབ་ཆོས་དུ་མ་ཞུས།  རྨི་ལམ་སོགས་མཚན་རྟགས་ངོ་མཚར་ཆེ་བ་མང་པོ་བྱུང་བའི་དད་པ་ཆེ་བ་བྱུང་སོང་གསུངས།དེ་ནས་རང་དགོན་དུ་ཕེབས་ནས།  སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཚབ་ཚ་སྒྲུབ་རྒན་རིན་པོ་ཆེ་མཆོག་ལས།  བདེ་མཆོག  ཕག་མོ།  རྒྱལ་བ་རྒྱ་མཚོ།  མགོན་པོ་བཻ་ཅན་སོགས་ཀྱི་དབང་དང༌།  གཞན་ཡང་སྔ་ཕྱི།  རྡོ་རྗེ་འཆང་ཐུང་མའི་ཁྲིད།  ཀློང་ཆེན་པའི་གོལ་ཤོལ་ཚར་གཅོད་སེངྒེའི་ང་རོ།  ཕྱག་ཆེན་དངོས་གཞི་ཁྲིད་བཅས་ཞིབ་ཁྲིད་ཞུས།སྤྱི་ལོ་༡༩༩༣ལོའི་མཇུག་ལ་སྐུ་མཚམས་ལ་བཞུགས་ནས། རྡོ་རྗེ་ཕག་མོའི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་དང༌།  ཐབས་ལམ་ནཱ་རོ་ཆོས་དྲུག་དང༌།  རྩ་རླུང་འཕྲུལ་འཁོར།  གྲོལ་ལམ་ཕྱག་རྒྱ་ཆེན་པོ་བཅས་ལ་ཉིན་མཚན་བར་མེད་དུ་ཉམས་ལེན་མཛད།  ཐུན་བར་རྣམས་སུ་སྒྲུབ་གྲྭ་པ་རྣམས་ལ་རྒྱུད་སྡེའི་སྐོར་དང༌།  ཆོས་དྲུག  རྩ་རླུང་འཕྲུལ་འཁོར།  ཕྱག་ཆེན་སྐོར་བཅས་བསྙེན་སྒྲུབ་ཡོད་དོ་ཅོག་བཤད་ཁྲིད་མཛད།  དེ་ནི་ཚབ་ཚ་དགོན་དུ་ཆོས་དྲུག་སྒྲུབ་ཁང་སྲོལ་གསར་དུ་བཙུགས་ནས་ཀར་ལུགས་ཀྱི་རྒྱུད་སྡེ་རྣམས་དང༌།  ནཱ་རོ་ཆོས་དྲུག་སོགས་འཆད་ཉན་དང་སྒོམ་སྒྲུབ་བྱེད་པ་ཐོག་མ་དེ་གྱུར།༧  སྐྱབས་རྗེ་སྒྲུབ་རྒན་རིན་པོ་ཆེ་ནས་ཀྱང༌།ངེས་འབྱུང་སྡོམ་པའི་ཚུལ་ཁྲིམས་རྩ་བ་བརླིང༌།  །གཞན་ཕན་འགྲོ་དོན་སྤྱོད་པའི་ཡལ་ག་མཛེས།  །གསང་སྔགས་དབང་གི་ཆུ་བོ་ཡོངས་སུ་རྫོགས།  །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།  །ཞེས་པའི་གསོལ་འདེབས་ཀྱང་བརྩམས། འགྲོ་ཕན་ཡང་ཆེ་བ་བྱུང༌།  ལྟ་མགུར་སོགས་གསུང་ཆོས་དུ་མ་མཛད།  འདི་སྐབས་སུ་མ་རུང་གདོན་གྱིས་བརླབས་པའི་སྐྱེ་བོ་འགའ་ཞིག་གིས་གོང་འོག་བར་གསུམ་ཀུན་ཏུ་འཁྲུགས་སློང་དང་ངན་སྨྲས་སོགས་མི་འོས་པའི་བྱ་བ་དུ་མས་ཡིད་དབྱུང་སྟེ།  མདོ་ལས།  གང་ལ་སྤྲོས་པའམ་རྩོད་པ་ཡོད་པ་ལས།  །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག་ཅེས་གསུངས་པ་ལྟར།  །སྤྱི་ལོ་༡༩༩༤ལོ་ཟླ་༡༡ནང་ནུ་བོ་གུ་རུ་ཚེ་བརྟན་དང་ལྷན་དུ་གསང་སྟབས་ཀྱིས་སློབ་མ་དང༌། ཉེ་འབྲེལ་སོགས་སུ་ལའང་མ་སྨྲས་པར།  མདོ་ཁམས་གསེར་ལྗོངས་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕྱིན་ནས།  མདོ་རྒྱུད་མན་ངག་རྒྱ་མཚོའི་དགོངས་དོན་མཐའ་དག་ཐུགས་སུ་ཆུབ་ཅིང༌།  ཐེག་རྩེའི་གསང་ལམ་ངེས་དོན་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་མངའ་བདག  གཟུངས་སྤོབས་ཀྱི་ཤེས་རབ་བསམ་གྱིས་མི་ཁྱབ་པའི་དགེ་བའི་བཤེས་གཉེན་ཆེན་པོ་༧ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་ལ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས།  ཐུབ་ཆོག་བྱིན་བརླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པད་མ་དཀར་པོ།  ཆོ་འཕྲུལ་ཆེན་པོའི་མདོ།  མདོ་སྡེ་ལས་བརྒྱ་པ།  གསང་སྙིང་འོད་གསལ་སྙིང་པོ།  ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད།  ཉེར་སྲས་བརྒྱད་ཀྱི་རྟོགས་བརྗོད།  རྒྱལ་སྲས་ལག་ལེན།  ཚིག་གསུམ་གནད་བསྡུས།  རྒྱལ་པོ་ལུགས་ཀྱི་བསྟན་བཅོས།  མི་ཕམ་རྫོགས་སྐོར་དང་གཏམ་ཚོགས་སྐོར།  ལྷག་བསམ་བསྐུལ་བའི་མདོ།  བཟང་སྤྱོད་འགྲེལ་བ། བདེ་སྨོན་དྲང་སྲོང་ལུང་གི་ཉི་མ།  མན་ངག་མཛོད་རྩ་བ།  རྗེ་ཉིད་ཀྱི་གསུང་འབུམ་ལས་ཨཱཿདུམ་ཡོངས་རྫོགས།  རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་དང་རྒྱུད་འགྲེལ།  བྱང་གཏེར་ཀུན་བཟང་དགོངས་པ་ཟང་ཐལ་གྱི་དབང་ཁྲིད།  བླ་མ་ཡང་ཏིག་གི་དབང༌།  མཁའ་འགྲོ་སྙིང་ཐིག་གི་དབང་སོགས་མདོ་སྔགས་དུ་མའི་དབང་ཁྲིད་ཀྱི་བཀའ་དྲིན་བསྩལ།  བྱ་བྲལ་དབང་ཕྱུག་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་ལས།  བསྐྱེད་རིམ་ཟིན་བྲིས་ཞུས།  ལུང་རིགས་རྒྱ་མཚོའི་མངའ་བདག་མཁན་ཆེན་ཤེས་རབ་བཟང་པོ་ལས།  བོད་སྤྲུལ་ཤེར་ཕྱིན།  ངེས་ཤེས་སྒྲོན་མེ།  རྒྱུད་བླ་མ།  བསྐྱེད་རིམ་ཟིན་བྲིས།  གསང་སྙིང་འོད་གསལ་སྙིང་པོ།  བླ་མ་ཡང་ཏིག་སོགས་ཞུས།  མཁས་དབང་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མདུན་ནས།  སྡོམ་གསུམ་དང༌།  དབུ་མ་འཇུག་པ་རང་འགྲེལ་བཅས་ཞུས།སྨྲ་བའི་དབང་ཕྱུག་མཁན་ཆེན་འཆི་མེད་རིག་འཛིན་ལས།  ཀརྨ་པ་མི་བསྐྱོད་རྡོ་རྗེའི་དབུ་མ་འཇུག་པའི་འགྲེལ་ཆེན།  ཕར་ཕྱིན་འགྲེལ་ཆེན།  འཇུག་པ་རང་འགྲེལ།  སུམ་རྟགས།  ཚད་མ་རིགས་གཏེར་དང་རིགས་གཏེར་གསལ་བྱེད་སོགས་གསན།  སྡོམ་བརྩོན་སྡེ་སྣོད་འཛིན་པ་མཁན་བསྟན་འཛིན་ནོར་བུ་ལས།  འདུལ་བ་མདོ་རྩ་བ།  འདུལ་བ་མཚོ་ཆེན་དང་མཚོ་ཆུང༌།  གཞན་དགའི་མདོ་རྩའི་མཆན་འགྲེལ།  འདུལ་བ་མེ་ཏོག་ཕྲེང་རྒྱུད།  གཞི་བཅུ་བདུན་གྱི་སྤྱི་དོན་སོགས་གསན་སྦྱོང་མཛད།ལུང་རིགས་རྒྱ་མཚོའི་མཛོད་འཛིན་མཁན་ཆེན་བསྟན་འཛིན་ལྷག་པ་ལས། ཚད་མ་རྣམ་འགྲེལ་འགྲེལ་ཆེན་དང་རྟགས་རིགས་སོགས་གསན།  སྡེ་སྣོད་འཛིན་པ་ཆེན་པོ་མཁན་རིག་དར་ལས།  མདོ་རྩ་བ།  གསང་སྙིང་འོད་གསལ་སྙིང་པོ།  གསང་སྙིང་མཛོད་ཀྱི་ལྡེའུ་མིག་བཅས་ཞུས།  སྡེ་སྣོད་འཛིན་པ་མཁན་པོ་འཇམ་དབྱངས་བློ་གྲོས་ལས་དབུ་མ་དང་འདུལ་སྐོར་སོགས་གཞུང་མང་དུ་ཞུས།  གནས་ལུགས་དོན་གྱི་རྣལ་འབྱོར་པ་གྲུབ་པའི་དབང་ཕྱུག་སྤྲུལ་ལུང་རྟོགས་བསྟན་འཛིན་བཟང་པོའི་དྲུང་ནས།  རྫོགས་སྐོར་དང་རྩ་རླུང་ཁྲིད་སྦྱངས་བཅས་ཆོས་སྒར་ཆེན་མོ་དེ་ཉིད་དུ་ལོ་མང་རིང་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ལ་ལྷོད་མེད་བརྩོན།  གསང་ཆེན་བསྟན་པའི་སྒྲོན་མེ་སིབ་སྤྲུལ་ཨོ་རྒྱན་བསྟན་འཛིན་ལས།  ཟབ་གསང་རྒྱ་མཚོའི་ཡང་ཞུན་གཅིག་ཏུ་དྲིལ་བ་རིན་ཆེན་གཏེར་མཛོད་ཆེན་མོ་ལས་དབང་སྣ་བརྒྱ་ཕྲག་གསུམ་ཙམ་ཞུས།མེ་གླང་སྤྱི་ལོ་༡༩༩༧ལོ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྒྲུབ་རྒན་རིན་པོ་ཆེ་ལས། ཕྱག་ཆེན་རྒྱ་གཞུང་གླེགས་བམ་དང་པོ་དང༌།  དྭགས་པོ་རིན་པོ་ཆེའི་བཀའ་འབུམ་དང༌།  སྔགས་སྤྱི་དོན་ནོར་བུའི་འོད་ཟེར། ཕྱག་ཆེན་ཟླ་བའི་འོད་ཟེར།  བརྟག་གཉིས་ཉི་མའི་འོད་ཟེར།  འདུལ་ཊཱིཀ་ཉི་མའི་དཀྱིལ་འཁོར།  ཟབ་མོ་ནང་དོན་རྩ་བ།  ཀོང་སྤྲུལ་པས་གསུངས་ཟབ་མོ་ནང་དོན་འགྲེལ་བ།བརྟག་གཉིས་སྤྱི་དོན་ལེགས་བཤད་རྡོ་རྗེའི་དྲྭ་བའི་རྒྱན། རྒྱུད་བླའི་འགྲེལ་བ་སེངྒེའི་ང་རོ།  རླུང་སེམས་དབྱེར་མེད།  རྣམ་ཤེས་ཡེ་ཤེས་འབྱེད་པ་རང་བྱུང་དགོངས་རྒྱན།  དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་སོགས་འགྲོ་མགོན་བཀའ་བརྒྱུད་པའི་གཞུང་བཤད་རྣམས་ཞུས་སོ།  །

ཕྱི་ལྟར་སྐལ་བཟང་གདུལ་བྱའི་འགྲོ་དོན་སྐྱོང༌།  །ནང་ལྟར་གཞན་ཕན་འཁོར་ལོའི་བསྟན་པ་སྐྱོང༌།  །
གསང་བ་རིམ་གཉིས་རྒྱ་མཚོའི་རིག་གདེང་སྐྱོང༌།  །རྒྱལ་ཀུན་དགྱེས་པའི་རྣམ་ཐར་ཁྱེད་ཀྱིས་སྐྱོང།  །

གསུམ་པ་རྨད་བྱུང་གཞན་ཕན་གྱི་འཕྲིན་ལས་ཕྱོགས་མེད་སུ་སྤེལ་བའི་ཚུལ་ནི།  སྤྱི་ལོ་༡༩༩༩ལོ་སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེའི་གདན་ཞུས་ལྟར་ཟླ་བ་བཅུ་གཉིས་པའི་ནང་བལ་ཡུལ་དུ་ཕེབས།  སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་མཇལ།  དེ་ནས་བལ་ཡུལ་གྱི་གནས་མཇལ་མཛད།  ཉིས་སྟོང་ལོའི་ཟླ་བ་དང་པོ་ནས་རྒྱ་གར་འཕགས་པའི་ཡུལ་ཝཱ་རཱ་ཎཱ་སི་ཁྲ་འགུ་མཐོ་སློབ་བཛྲ་བིདྱ་གཙུག་ལག་སློབ་གཉེར་ཁང་དུ་ཕེབས།  འདུལ་ཊཱིཀ་ཉི་མའི་དཀྱིལ་འཁོར་སོགས་བཤད་ཁྲིད་མཛད།  དབྱར་གུང་སེང་སྐབས་སུ་བལ་ཡུལ་ཁྲ་འགུ་དགོན་དུ་བཞུགས།  དེ་ནས་ཡང་ཝཱ་ཎཱ་ཕེབས་ནས་ཆོས་ཁྲིད་ཀྱི་དབུ་རྩོམ།  ཟླ་དགུ་པའི་ནང་ཤེས་རབ་གླིང་དུ་ཀརྨ་དགུན་ཆོས་ལ་ཕེབས།  བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཇལ།  དགུན་ཆོས་ཚོགས་པའི་མཁན་སློབ་ཡོངས་རྫོགས་དཔལ༧རྒྱལ་བའི་དབང་པོ་ཀརྨ་པ་མཇལ་ནས་བཤད་གྲྭ་བ་རྣམས་ཀྱིས་ཆོས་ཀྱི་བགྲོ་གླེང་སོགས་རྒྱུགས་འབུལ་མཛད།  ༧  རྒྱལ་དབང་མཆོག་ནས་ཐུགས་བརྩེ་ཆེན་པོའི་ཚོགས་མང་ཡོངས་ལ་འཇམ་དབྱངས་ཀྱི་དབང་གནང་བ་དེ་ཞུས།  དེ་ནས་ཤེས་རབ་གླིང་དུ་ཀརྨ་དགུན་ཆོས་ཀྱི་དབུ་རྩོམ།  ཞོར་དུ་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེའི་ཟབ་གསང་བླ་ན་མེད་པ་ཕྱག་ཆེན་ངེས་དོན་རྒྱ་མཚོའི་ཁྲིད་སོགས་ཚོགས་མང་ཡོངས་ལ་གསུང་པ་དེ་ཞུས།  དེ་ནས་ཀརྨ་དགུན་ཆོས་ལེགས་པར་གྲུབ་ནས་བཤད་གྲྭ་པ་དང་མཉམ་དུ་མཚོ་པདྨ་ལ་གནས་མཇལ་དུ་ཕྱིན།བླ་མ་ཕུན་ཚོགས་ནས་སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་ལ་ནན་ཞུས་ཀྱིས་བཀའ་འཁྲོལ་ནས་བལ་ཡུལ་ཀརྨ་ལེགས་བཤད་གླིང་དུ་གདན་ཞུས་ལྟར་བལ་ཡུལ་དུ་ཕེབས།  ཀརྨ་པ་མི་བསྐྱོད་རྡོ་རྗེའི་དབུ་མ་འཇུག་པའི་འགྲེལ་ཆེན།  ཕར་ཕྱིན་འགྲེལ་ཆེན་བཅས་བཤད་ཁྲིད་མཛད་ཀྱང་སྙུང་གཞིས་ཟིན་པ་དང༌།  ཐེ་ཝན་དུ་མཁན་ཆེན་ཤེས་རབ་བཟང་པོའི་ཆོས་ཚོགས་གསར་འཛུགས་མཛད་འཆར་ཡོད་པ་ལ་ཕེབས་རྒྱུ་སོགས་རྐྱེན་འགའ་ཞིག་ལ་བརྟེན་ནས།  བཤད་ཁྲིད་མཇུག་མ་དྲིལ་བ་ཕེབས་དགོས་བྱུང་བས་ཐུགས་འགྱོད་ཆེ་ཙམ་བྱུང་བར་གསུངས།  དེ་ནས་རིམ་བཞིན་སྙུང་གཞི་ཡང་ཇེ་དྭངས་སུ་གྱུར་ནས། སྤྱི་ལོ་༢༠༠༡  སྤྱི་ཟླ་༥ཚེས་༡༦དྷི་ལིང་བརྒྱུད་སིང་ག་ཧྥོ་ཀརྨ་ཆོས་དབྱིངས་ཀུན་ཁྱབ་གླིང་དུ་ཕེབས། ཚེས་༢༥ཉིན་སིང་ག་ཧྥོ་ཀརྨ་ཆོས་དབྱིངས་ཀུན་ཁྱབ་གླིང་ནས་ཐེ་ཝན་ཕེབས། ལུགས་གཉིས་ཀྱི་བཀའ་དྲིན་ཆེ་བ་མཁན་ཆེན་ཤེས་རབ་བཟང་པོའི་མཛད་འཕྲིན་ལ་ཕན་དུ་རེ་ནས་ཆོས་ཚོགས་འདོད་དོན་ཀུན་གྲུབ་གསར་འཛུགས་ལ་དབང་བསྐུར་དང་ཆོས་བཤད་སོགས་གནང་ཡང༌།  རྒྱའི་སྐད་ཡིག་མི་ཤེས་པ་སོགས་རྐྱེན་འགའ་ཞིག་ལ་བརྟེན་ནས།  རང་གཞན་གྱི་དོན་གང་ཡང་མི་འགྲུབ་པར་མ་ཟད།  ཐེ་ཝན་དུ་བཞུགས་ན་མི་ཚེ་སྟོང་ཟད་དུ་འགྲོ་ཉན་འདུག་སྙམ་པ་བྱུང་ཞེས་གསུངས།  བར་སྐབས་ཤིག་ལ་མཚམས་ལ་ཡང་ཅུང་ཙམ་བཞུགས།  མཆེད་དང་གྲོགས་དག་གིས་ད་ཐེ་ཝན་དུ་ཕེབས་ཚར་ཚར་ཁ་ཅུང་ཙམ་བཞུགས་ན་བཟང་ཚུལ་ཡང་ཡང་བསྐུལ་བས་བཞུགས་རྒྱུ་ཐག་བཅད།  མ་འོངས་པ་ན་ཆོས་བཤད་དང་གསུང་རབ་རེ་ཟུང་རྒྱའི་སྐད་ཡིག་ཏུ་བསྒྱུར་ཐུབ་ན་སྙམ་པས་ཐུགས་སྟོབས་བསྐྱེད་ནས་དེ་ནས་རི་བོ་ཆོས་རྔ་སོགས་སུ་རྒྱའི་སྐད་ཡིག་ལ་སློབ་སྦྱངས་བྱས།  བར་བར་དུ་ཆོས་ཚོགས་ཁ་ཤས་ལ་དབང་བསྐུར་དང་ཆོས་བཤད་ཀྱང་བྱས།  སྤྱི་ལོ་༢༠༠༣ཟླ་ཚེས་༡༨ལ་མ་ལེ་ཞ་ཡ་ཕེབས།  ཆོས་སྦྱིན་སོགས་མཛད།  ཚེས་༢༨ཉིན་སླར་ཡང་ཐེ་ཝན་དུ་ཕེབས་ནས་རྒྱ་ཡིག་གསན་སྦྱང་མཛད། ཞོར་དུ་ཆོས་ཀྱི་སྤྲིན་ཕུང་གླིང་ཞེས་པའི་ཆོས་ཚོགས་ཞིག་གསར་འཛུགས་མཛད།སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེའི་སྔ་ཕྱི་བཀའ་གནང་དུ་མ་བསྩལ་བ་ལྟར།  སྤྱི་ལོ་༢༠༠༤ལོ་སྤྱི་ཟླ་༣ཚེས་༡༧ཉིན་རྒྱ་གར་བརྒྱུད་ནས་བལ་ཡུལ་དུ་ཕེབས། ཚེས་༢༣ཉིན་སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་སོགས་འདུས་མང་ཡོངས་དང་ལྷན་དུ་སྔ་དྲོ་སྙི་ཤང་ཀ་ཏྱའི་ཕུག་གི་སྒྲུབ་ཁང་གསར་གཞེང་ལེགས་གྲུབ་ཀྱི་སྒོ་འབྱེད་དང༌།  དགོང་ཀ་སྒྲུབ་གྲྭར་མཚམས་ཐོ་བཞག་ནས་སྒྲུབ་གྲྭ་བ་རྣམས་ལ།  ཕུར་པའི་ཁྲིད་ལུང་དང༌།ཚེས་༢༥ནས་དབུ་རྩོམ་སྟེ་ཕྱག་ཆེན་ངེས་དོན་སྒྲོན་མེ།  མར་པ་སོགས་ཀྱི་བླ་སྒྲུབ།  གཅོད་ཁྲིད།  བསྐྱེད་རིམ་ཟིན་བྲིས།  བློ་སྦྱོང་དོན་བདུན་མ་བཅས་ཀྱི་བཤད་ཁྲིད་དང༌།  ཕྱག་ཆེན་ངེས་དོན་རྒྱ་མཚོ།  མ་རིག་མུན་སེལ།  ཆོས་སྐུ་མཛུབ་ཚུཊ་བཅས་ཀྱི་སྔོན་འགྲོ་བཤད་ཁྲིད་གནད་སྨིན་མཛད།  གཞན་ཡང་བདེ་རྒྱ་ཕག་སོགས་ཀྱི་ལུང་གནང༌།  ཟླ་༦ཚེས་༣༠ནས་བལ་ཡུལ་ནས་རྒྱ་གར་བྱོན།  ཟླ་༧ཚེས་༤ཉིན་དཔལ་༧རྒྱལ་བའི་དབང་པོ་ཀརྨ་པ་དང་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་རྣམ་གཉིས་མཇལ།  ཚེས་༩ཉིན་དྷི་ལི་ནས་ཐེ་བེ་ཕེབས་ནས།  བཀའ་བརྒྱུད་ལོ་རྒྱུས་མུ་མཐུད་ནས་བྲིས།  ཞོར་དུ་དབང་བསྐུར་ཆོས་བཤད་ཀྱང་མཛད།  ཟླ་༡༠ཚེས་༣ནས་༦བར་སེང་ག་ཧྥོ་ཕེབས། སླར་ཡང་ཐེ་བེ་རུ་ཕེབས།  ཆོས་ཚོགས་ཁ་ཤས་ལ་དབང་བསྐུར་ཆོས་བཤད་ཀྱང་མཛད།  ཐེ་ཝན་བཀའ་བརྒྱུད་ནང་བསྟན་སློབ་གླིང་གསར་འཛུགས་ཀྱི་ཆ་གཞི་ནང་ཞུགས།  སྤྱི་ལོ་༢༠༠༤ཟླ་༡༢ཚེས་༡༤ལ་རྒྱ་གར་ཕེབས།  ཚེས་༡༩ལ་བལ་ཡུལ་དུ་ཕེབས།  ཚེས་༢༥ནས་དབུ་རྩོམ་སྟེ་སྒྲུབ་གྲྭ་བ་རྣམས་ལ།  ཕྱག་ཆེན་སྐོར་གྱི་དངོས་གཞི་ཁྲིད་དང༌།  ཀུན་བཟང་བླ་མའི་ཞལ་ལུང༌།  ཕག་མོའི་ཁྲིད་སྐོར།  མགོན་པོའི་ཁྲིད་སྐོར་བཅས་བཤད་ཁྲིད་ལེགས་པར་གྲུབ་རྗེས།སྤྱི་ལོ་༢༠༠༥ལོའི་ཟླ་༣ཚེས་༡༢བལ་ཡུལ་ནས་རྒྱ་གར་ཕེབས། ཚེས་༡༨ཉིན་རྒྱ་གར་ནས་ཧང་ཀོང་ཕེབས།  ཚེས་༢༦ཉིན་ཧང་ཀོང་ནས་ཐེ་བེར་ཕེབས་ནས། ཧེ་ཐག་བ་ཧྲི་ཆོས་ཚོགས་དང༌།  ཐེ་ཝན་བཀའ་བརྒྱུད་ནང་བསྟན་སློབ་གླིང་སོགས་སུ་གདུལ་བྱ་གང་ལ་གང་འདོད་ཀྱི་ཆོས་སྦྱིན་མཛད་པ་སོགས་བཤད་སྒྲུབ་ཀྱི་བསྟན་པ་ལ་ཐུགས་ཁུར་རྒྱ་ཆེར་བཞེངས་པའོ།  མདོར་ན་དམ་པ་འདིས་གངས་རིའི་ཁྲོད་ཀྱི་ས་དགེ་རྙིང་གསུམ་ཇོ་འབྲུག་ཀར་གསུམ་སོགས་རིས་མེད་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་ལྷག་ལ་བསྟེན་ནས་མདོ་སྔགས་གཞུང་ལུགས་མཐའ་དག་དང༌།  རིག་པའི་གནས་ཆེ་ཕྲ་ཀུན་ལ་ཕྱོགས་དང་རིས་སུ་བཅད་པ་སྤངས་ཏེ།  བུང་བ་གཞོན་ནུས་སྦྲང་རྩིའི་བཅུད་བཟང་དོན་དུ་གཉེར་བ་བཞིན།  མཉེས་པ་གསུམ་གྱིས་ཚུལ་བཞིན་དུ་བསྟེན་པས།  དགེ་བའི་བཤེས་གཉེན་ཡོངས་ཀྱི་ཐུགས་རྒྱུད་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་ཐུགས་སུ་ཆུབ་པ་མཛད་ནས་རྒྱལ་ཁབ་དུ་མ་རུ་ལུང་རྟོགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་མཛད་དོ།  །

སྟོང་ཆེན་གཡོ་བ་བྲལ་བའི་ཐུགས་ཀྱི་མཁར།  །ཟུང་འཇུག་ཕྱག་རྫོགས་ཉི་ཟླའི་འོད་སྣང་གིས།  །
མཉམ་རྗེས་རིས་མེད་རིག་པ་སོ་མའི་ངང༌།  །སྤྲོས་རྩལ་ཞི་བ་མཐའ་ཐུག་རྣལ་འབྱོར་ལགས།  །

ཁྱད་པར་སྒྲུབ་པ་ཉམས་ལེན་བྱས་པའང་ཐོས་དོན་གོ་ལོ་ཙམ་དུ་མ་བཞག་པར་ཆོས་སྒོར་ཞུགས་པ་ནས་བཟུང༌། ཉིན་མོ་ཐོས་བསམ་གྱི་སྣང་བ་འུར་ཟིང་ངེ༌། མཚན་མོ་བསམ་གཏན་གྱི་སྒོམ་པ་ལྷོད་ཆགས་སེ་ཞེས་པ་ལྟར་རྒྱུན་གྱི་ཉམས་ལེན་བློ་ལྡོག་རྣམ་བཞིས་ཚེ་འདིའི་ཞེན་པ་མཐའ་དག་བཅད་དེ། གཞན་ཕན་དོན་གཉེར་གྱི་བསམ་པ་བཟང་པོ་འབྲལ་མེད་ངང༌། གནས་ལུགས་ཡང་དག་པའི་དོན་ལ་རྩེ་གཅིག་ཏུ་གཞོལ་བའི་མིང་དོན་ལྡན་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡིན་ནོ།  ། དེ་མིན་དུས་དང་རྣམ་པ་ཀུན་ཏུ་གྲོང་དང་རི་ཁྲོད་དགོན་གནས་སོགས་གང་དུ་བཞུགས་ཀྱང༌། སྙིང་པོའི་དོན་ལ་རྩེ་གཅིག་ཏུ་ཐུགས་ཉམས་སུ་བཞེས་པའི་སྐོར་དང་ཉམས་རྟོགས་འཁྲུངས་ཚུལ་བླ་མ་ལ་རྟོགས་པ་ཕུལ་ཚུལ་སོགས་ཧ་ཅང་མང་ཡང་དེ་རིགས་སྐབས་སུ་མ་བབས་པ་དང་གསང་སྒྲོགས་སོགས་འཛེམ་བྱ་ཆེ་བས་འདིར་མ་སྨྲས་པ་མ་འོངས་པར་གསང་བའི་རྣམ་ཐར་འགོད་པའི་རྟེན་འབྲེལ་འཕྲོ་ཅན་དུ་བཞག་གོ།རྗེ་འདིའི་གསུང་ཆོས། རྟོགས་བརྗོད་སྐོར་དང༌། སྙན་ཚིག་གི་སྐོར། ཁྲིད་ཡིག་སྐོར། ལྟ་མགུར་སྐོར། ཆོས་འབྱུང་དང་རྣམ་ཐར་སོགས་མང་དུ་བཞུགས།  འགྲོ་བའི་མགོན་པོ་སྐྱེས་མཆོག་ཀརྨ་ལྷ་བུ་ཁོང་ཉིད་ད་ལྟ་ཡང་བསིལ་ལྗོངས་བསོད་ནམས་གསར་པའི་མཛེས་རྒྱན་དུ་མི་འགྱུར་གཡུང་དྲུང་འབར་བའི་ཁྲི་འཕང་ལ་ཞབས་ཟུང་རྡོ་རྗེའི་རི་མོ་གཡོ་བ་མེད་པར་བསྟན་འགྲོ་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པ་སྤེལ་བཞིན་བཞུགས་པ་འདི་ཀ་ལགས་སོ།  །

དེ་ལྟར་ལེགས་སྨོན་རྟེན་འབྲེལ་འཛོམས་པའི་མཐུས།  །བསྟན་མཁས་ཡོན་ཏན་མ་ལུས་ཕྱོགས་རྫོགས་པའི།  །
བཤེས་གཉེན་དམ་པ་གང་གི་མཛད་རྣམ་ལས།  །ཆ་ཤས་རྡུལ་ཙམ་དད་པའི་རྟེན་དུ་བཀོད།  །
དེ་ཡང་རྣམ་ཐར་འདི་ནི་བཅོས་བསླད་མེད།  །སྒྲོ་སྐུར་ཕྱོགས་རིས་ཉག་ཉོག་གཏམ་གྱིས་དབེན།  །
ངག་རྒྱུན་གང་ཐོས་བརྡར་ཤ་མ་བཅད་མེད།  །ཡང་དག་འདི་འདྲ་གཙང་མའི་རྣམ་ཐར་ཡིན།  །
རྗེ་ཁྱོད་ཞབས་ཟུང་མཐིལ་གྱི་འཁོར་ལོ་ནི།  །སྲིད་པའི་མཐར་ཡང་ལྗོངས་འདིའི་གཙུག་རྒྱན་དུ།  །
གཡོ་མེད་ལྷུན་ཆགས་རྟག་བརྟན་ལེགས་བཞུགས་ནས།  །ཕན་བདེའི་སྣང་བས་ས་གསུམ་མཛེས་པར་སྨོན།  །
རྒྱལ་སྲས་དམ་པའི་རྣམ་ཐར་བྲིས་པ་དང༌།  །དུས་གསུམ་བསགས་པའི་དགེ་ཚོགས་མ་ལུས་པས།  །
བསྟན་འཛིན་ཡོངས་ཀྱི་སྐུ་ཚེ་བརྟན་པ་དང༌།  །རྣམ་དཀར་འཕྲིན་ལས་ཕྱོགས་མཐར་ཁྱབ་གྱུར་ཅིག  །

ཅེས་མཚུངས་མེད་དགེ་བའི་བཤེས་གཉེན་ཆེན་པོ་ཀརྨ་ལྷ་བུ་མཆོག་གི་རྣམ་ཐར་མདོར་བསྡུས་འདི་ནི།  རྗེ་འདི་ཉིད་ཀྱི་གསུང་ལས་སྐྱེས་པའི་བུ་སློབ་རྣམས་ཀྱི་ཐུགས་འདུན་སོགས་ལ་བརྟེན་ནས།  སྡེབ་སྦྱོར་དང་སྙན་ངག་གིས་མ་བཅིང་པར་ཀུན་གྱིས་གོ་བདེ་བའི་ཚིག་སྦྱོར་ནག་འགྲོས་སུ་བཀོད་དེ་གཞུངལུགས་རབ་འབྱམས་ལ་ཡུན་རིང་ཐོས་པ་བྱེད་པའི་ཐུབ་བསྟན་བསོད་ནམས་སེངྒེ་དང་སྤྲུལ་ནོར་པ་རུ་འབོད་པ་ཟུང་གིས་གསེར་ལྗོངས་བླ་མ་རུང་དུ་སྤྱི་ལོ་༢༠༠༡ཟླ་བ་༡༡ཚེས་༡༣ཉིན་བྲིས་ལ་མཇུག་ཅུང་ཙམ་ཞིག་༢༠༠༥ཟླ་༤ནང་ཁ་སྐོང་བའོ།  ། དགེའོ།  དགེའོ།  དགེའོ།  །  །  །

 

༄༅།  །འཆི་མེད་མགོན་པོ་ཚེ་མཐའ་ཡས་པ་དང༌།  །རྣམ་པར་རྒྱལ་བ་ཡིད་བཞིན་འཁོར་ལོ་ཡིས།  །
དཔལ་ལྡན་བླ་མ་ཀརྨ་ལྷག་ཕུར་མཆོག  །སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་གྱུར་ཅིག  །
ཕལ་ཆེ་བ་རྣམས་དཔལ་འབྱོར་གསོག་ལ་བྲེལ།  །ཁྱོད་ནི་བྱ་བྲལ་སྦྱང་ཡོན་ལ་གནས་པ།  །
ཀརྨ་ལྷག་ཕུར་ཞབས་པད་བརྟན་ནས་ཀྱང༌།  །བདག་སོགས་ཁྱོད་ལྟར་སློབ་ནུས་བྱིན་གྱིས་རློབས།  །
གཞན་རྣམས་འཇིག་རྟེན་བྱ་བ་ཁོ་ནར་གཡེང༌།  །ཁྱོད་ནི་མདོ་རྒྱུད་ཀུན་ལ་སྦྱང་པ་ཆེ།  །
ཀརྨ་ལྷག་ཕུར་ཞབས་པད་བརྟན་ནས་ཀྱང༌།  །བདག་སོགས་ཁྱོད་ལྟར་སློབ་ནུས་བྱིན་གྱིས་རློབས།  །
མཁས་པ་འགའ་ཞིག་ཉམས་ལེན་གནད་བྲལ་ཡང༌།  །ཁྱོད་ནི་ཐོས་དོན་ཉམས་བཞེས་མཐར་ཕྱིན་པ།  །
ཀརྨ་ལྷག་ཕུར་ཞབས་པད་བརྟན་ནས་ཀྱང༌།  །བདག་སོགས་ཁྱོད་ལྟར་སློབ་ནུས་བྱིན་གྱིས་རློབས།  །
མཁས་ཤིང་གྲུབ་འགའ་འགྲོ་དོན་ལ་མི་དགྱེས།  །འོན་ཀྱང་ཁྱོད་ནི་གཞན་ལ་ལྷག་བརྩེ་བའི།  །
ཀརྨ་ལྷག་ཕུར་ཞབས་པད་བརྟན་ནས་ཀྱང༌།  །བདག་སོགས་ཁྱོད་ལྟར་སློབ་ནུས་བྱིན་གྱིས་རློབས།  །
དེ་ལྟར་རྩེ་གཅིག་ཡིད་ཀྱི་གསོལ་བཏབས་པར།  །ཕྱོགས་དུས་རྒྱལ་བ་སྲས་བཅས་བྱིན་བརླབས་ཀྱིས།  །
ཇི་ལྟར་སྨོན་པའི་དོན་བཟང་འགྲུབ་ནས་ཀྱང༌།  །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་གྱུར་ཅིག  །

ཅེས་དད་པ་དང་མོས་གུས་ངེས་འབྱུང་དང་སྐྱོ་ཤས་ཀྱིས་རྒྱུད་གཏམ་པའི་ཕྱག་འཚལ་བླ་མ་མཆོག་གིས་བསྐུལ་མ་གནང་བ་བཞིན་ཁྲ་འགུ་བས་གསོལ་བ་བཏབ་པའོ།  །